Skip to main content

ཐིགས་པ་དང་པོ། «ལེགས་སྦྱར་» (संकृत/saṃskṛta) གྱི་སྐད།

§1 (a). «སཾ་སྐྲྀ་ཏ་» (संस्कृत saṃskṛta) ཞེས་པ་བོད་སྐད་དུ་ «ལེགས་སྦྱར་» ཞེས་བསྒྱུར་བ་ནི་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞི་ལས་གཅིག་ཡིན་པར་ཡོངས་སུ་གྲགས་ལ། དེ་ལ་དབྱེ་ན། «རིག་བྱེད་ཀྱི་ལེགས་སྦྱར་» (Vedic Sanskrit) དང་ «ལེགས་སྦྱར་གཞུང་མ་» (Classical Sanskrit) གཉིས་སམ། མཁས་པ་ཁ་ཅིག་གིས་ «སངས་རྒྱས་པའི་ལེགས་སྦྱར་འདྲེས་མ་» (Buddhist Hybrid Sanskrit) ཞེས་ལོགས་སུ་བགྲངས་པ་ལྟར་ན་གསུམ་དུ་ཡོད་པ་ཡིན་ནོ། ། «པཱ་ཎི་ནི་» पाणिनि / Pāṇini) ཡིས་གཏན་ལ་ཕབ་པའི་སྐད་ལ་ «ལེགས་སྦྱར་གཞུང་མ་» ཞེས་གྲགས་ཤིང་། «ལེགས་སྦྱར་གཞུང་མ་» ཡི་ཚད་ནི། «ནག་མོ་ཁོལ་» (कालिदास / Kālidāsa) དང་ «རྟ་དབྱངས་» (अश्वघोष / Aśvaghoṣa) ལ་སོགས་པའི་ «ལེགས་སྦྱར་» གྱི་སྐད་ལ་འཇོག་པ་ཡིན་ནོ། །

§1 (b) «ལེགས་སྦྱར་» ནི་ངག་ཏུ་བརྗོད་ཅིང་རྣ་བས་ཐོས་སུ་ཡོད་པའི་སྒྲའམ་སྐད་ལ་བརྗོད་ཀྱི་ལག་པས་འབྲི་གཞིའི་སྟེང་དུ་བྲིས་པ་དང་མིག་གིས་མཐོང་དུ་ཡོད་པའི་ཡི་གེའི་གཟུགས་ལ་མི་བརྗོད་དོ། །དེས་ན་མཁས་པའི་དབུས་སུ་ «ལེགས་སྦྱར་གྱི་སྐད་» (संस्कृतभाषा / saṃskṛtabhāṣā) ཅེས་བརྗོད་དུ་རུང་ཡང་ «ལེགས་སྦྱར་གྱི་ཡི་གེ་» ཞེས་ཕལ་ཆེར་བརྗོད་དུ་མི་རུང་ངོ་། །སྤྱིར་ «ཡི་གེ་» ཞེས་པའང་སྒྲར་གྲགས་པའི་སྐད་ཀྱི་རྩོམ་གཞི་ཆུང་ཤོས་སམ་ «སྒྲ་ཚིགས་» (phoneme) དང་གཟུགས་སུ་སྣང་བའི་ཡིག་གེའི་རྩོམ་གཞི་ཉུང་ཤོས་སམ་ «འབྲུ་ཚིགས་» (grapheme) གཉིས་ཀ་ལ་འཇུག་མོད། འོན་ཀྱང་ཡི་གེའི་སྒྲ་དང་ཡི་གེའི་གཟུགས་གཉིས་ཕན་ཚུན་མ་ནོར་བར་གལ་ཆེའོ། ། «སྒྲར་གྲགས་པའི་ཡི་གེ་» དང་ «གཟུགས་སུ་སྣང་བའི་ཡི་གེ་» ཞེས་བརྗོད་ན་ཁྱད་པར་འབྱེད་པ་ལ་ཕན་པར་མངོན་ནོ། །ཡང་ན་ «ཡི་གེ་ཀློག་» ཅེས་པའི་ཡི་གེ་ནི་ «སྒྲར་འདོན་པ་» ཡིན་ལ། «ཡི་གེ་འབྲི་»ཞེས་པའི་ཡི་གེ་ནི་ «གཟུགས་སུ་བཀོད་པ་» ཡིན་ནོ། །ཡང་ན་ལུས་ཀྱི་རྣམ་པར་རིག་བྱེད་དུ་གཏོགས་པའི་ «གཟུགས་ཀྱི་རྣམ་པར་རིག་བྱེད་ཀྱི་ཡི་གེ་» ཞེས་དང་། ངག་གི་རྣམ་པར་རིག་བྱེད་དུ་གཏོགས་པའི་ «སྒྲའི་རྣམ་པར་རིག་བྱེད་ཀྱི་ཡི་གེ་» ཞེས་པའི་ཐ་སྙད་སྔར་མ་གྲགས་མོད། ཐ་སྙད་དེ་ལྟར་བྱེད་ཀྱང་འཐད་པར་སྣང་ངོ་། །འོ་ན་གོང་དུ་བཤད་པའི་ «སྒྲ་ཚིགས་» ཞེས་པ་དང་ «འབྲུ་ཚིགས་» ཞེས་པའི་དོན་གང་ཞེ་ན། ཡི་གེའི་སྒྲར་གནས་པའི་སྒྲ་གདངས་དུམ་ཚན་གཅིག་ལ་ «སྒྲ་ཚིགས་» གཅིག་ཅེས་ཟེར་ཏེ། དཔེར་ན་བོད་ཡིག་ཏུ་ཚེག་ཁྱིམ་གཅིག་གི་ཡི་གེའི་སྒྲ་གདངས་དུམ་ཚན་གཅིག་ལ་ «སྒྲ་ཚིགས་» གཅིག་ཅེས་བྱ་སྟེ།  «ཆུ་» ཞེས་པ་དང་། «གཏེར་» ཞེས་པའི་སྒྲ་བཞིན་ནོ། །དེ་བཞིན་དུ་ཡི་གེའི་གཟུགས་སུ་གནས་པའི་འབྲུ་གཅིག་ལ་ «འབྲུ་ཚིགས་» གཅིག་ཅེས་གདགས་པར་འདོད་ནས་བཏགས་སོ། །འོན་ཀྱང་ «སྒྲ་ཚིགས་» གཅིག་ལ་ «འབྲུ་ཚིགས་» གཅིག་ཁོ་ན་ཡོད་པར་མ་ངེས་ཏེ། «གཏེར་» ཞེས་པ་ལ་ «སྒྲ་ཚིགས་» གཅིག་ལས་མེད་ཀྱང་། ཡི་གེའི་ «འབྲུ་ཚིགས་» གསུམ་དུ་གནས་པའི་ཕྱིར་རོ། །བརྡ་སྤྲོད་པའི་རིག་པ་ལ་ «སྒྲ་རིག་པ་» (शब्दविद्या / śabdavidyā) ཞེས་སམ་ «སྒྲའི་བསྟན་བཅོས་» (शब्दशास्त्र / śabdaśāstra) ཞེས་སམ་ «སྒྲའི་བསྟན་པ་» (शब्दशासन / śabdaśāsana) ཞེས་པའི་རྒྱུ་མཚན་ཡང་། ཡི་གེ་འབྲི་ཀློག་གཉིས་སམ་ཡི་གེའི་སྒྲ་གཟུགས་གཉིས་ཀའང་བརྡ་སྤྲོད་པའི་རིག་པ་ལ་གལ་ཆེ་མོད། འོན་ཀྱང་རྒྱ་གར་གྱི་མནའ་བོའི་རིག་གཞུང་ལ་འབྲི་བ་ལས་ཀྱང་ཀློག་པ་དང་། ཡི་གེའི་གཟུགས་ལས་ཀྱང་ཡི་གེའི་སྒྲ་གལ་ཆེ་བས་དེ་ལྟར་གྲགས་པ་མ་ཡིན་ནམ་སྙམ་ཡང་། མཁས་པ་རྣམས་ཀྱིས་ད་དུང་བརྟག་པར་རིགས་སོ། །

§1 (c). «ལེགས་སྦྱར་» (संस्कृत saṃskṛtaགྱི་སྐད་ནི་ཕལ་ཆེ་བར་ «ནཱ་ག་རཱི་» (नागरी nāgarī) སྟེ་ «གྲོང་ཁྱེར་་» ཞེས་བྱ་བའི་ཡི་གེའི་གཟུགས་སུ་འབྲི་བ་ཡིན་ནོ། །འོ་ན་འདི་དང་ «དེ་བ་ནཱ་ག་རཱི་» (देवनागरी devanāgarī) སྟེ་ «ལྷའི་གྲོང་ཁྱེར་» ཞེས་གྲགས་པའི་ཡི་གེ་ལ་ཁྱད་པར་གང་ཡོད་ཅེ་ན།  «ནཱ་ག་རཱི་» ཞེས་པའི་ཡི་གེ་འདི་དང་རྒྱ་གར་ཕྱོགས་སུ་དར་ཁྱབ་ཆེ་བའི་ «ནན་དི་ནཱ་ག་རཱི་» (नन्दिनागरी nandināgarī) སྟེ་ «དགའ་བའི་གྲོང་ཁྱེར་» ཞེས་པའི་ཡི་གེ་ལས་ཁྱད་པར་འབྱེད་པའི་ཕྱིར་ «དེ་བ་ནཱ་ག་རཱི་» ཞེས་བཏགས་པར་བཤད་དེ། དོན་དུ་ «ནཱ་ག་རཱི་» དང་ «དེ་བ་ནཱ་ག་རཱི་» གཅིག་པ་ཡིན་ནོ། །འོ་ན་ཡི་གེའི་རིགས་འདི་མནའ་བོའོ་ཡིག་རིགས་གང་འདྲ་ཞིག་ལས་འཕྲོས་པ་ཡིན་ཞེ་ན། དེང་དུས་ཀྱི་མཁས་པ་རྣམས་ཀྱིས་མནའ་བོའི་ཡིག་རིགས་ «བྲཱ་མཱི་» (ब्रमी / brāmī) ཞེས་པ་བོད་སྐད་དུ་ «ཚངས་པའི་ཡི་གེ་» ཞེས་པའམ་ «བྲམ་ཟེའི་ཡི་གེ་» ཞེས་པ་ལས་རིམ་པས་འཕྲོས་ནས་བྱུང་བར་བཤད། བོད་ཡིག་ཀྱང་དེང་སང་ཡོངས་སུ་གྲགས་པ་ལྟར་ «བྲཱ་མཱི་»ཡི་ཡི་གེ་ལ་དཔེར་མཛད་ནས་སྲོལ་དུ་བཏོད་པར་བཤད་དོ། །

Comments

Popular posts from this blog

ཐིགས་པ་ཅི་ཅི། «བི་རཱ་མ་» (विराम/virāma)

§1. ལེགས་སྦྱར་གྱི་སྐད་སོགས་རྒྱ་གར་གྱི་ཡི་གེ་ « དེ་བ་ནཱ་ག་རཱི་ » ( देवनागरी / devanāgarī ) སྟེ་  « ལྷའི་གྲོང་ཁྱེར་ » གྱི་ཡི་གེ་སོགས་སུ་འབྲི་བ་ན། གསལ་བྱེད་ཀྱི་ཡི་གེའི་སྲོག་ཏུ་དབྱངས་མ་ཞུགས་པའི་རྟགས་སུ་བོད་ཀྱི་ཡི་གེ་དབུ་ཅན་གྱི་ར་བཏགས་ཀྱི་རྟགས་དང་འདྲ་བ་ལ་ « བི་རཱ་མ་ » ( विराम / virāma ) སྟེ་ « ངལ་གསོ་ » འམ་ « སྡོད་པ་ » ཞེས་ལེགས་སྦྱར་གྱི་མཁས་པ་རྣམས་ལ་ཡོངས་སུ་གྲགས། དཔེར་ན་ « ཕཊྲ་ » ( फट् / phaṭ ) ཞེས་པའི་ར་བཏགས་ཀྱི་རྟགས་དང་འདྲ་བ་འདི་ལ་གཟིགས་དང་ཡིད་ཆེས་པར་འགྱུར་རོ། ། འོན་ཀྱང་རྒྱ་གར་རང་གི་ལེགས་སྦྱར་ལ་མཁས་པ་དང་བོད་ཀྱི་ལེགས་སྦྱར་ལ་མཁས་པ་ཕལ་ཆེ་བ་རྣམས་ལ་ནི།  « ཧ་ལན་ཏ་ » ( हलन्त / halanta ) ཡི་རྟགས་མཚན་ཞེས་གྲགས་པར་མངོན་ནོ། །འདིའི་འཇུག་ཡུལ་ནི་གཙོ་བོར་མིང་ཚིག་བརྗོད་པའི་མཇུག་ཏུ་འཇུག་ཀྱང་། མིང་ཚིག་གི་དཀྱིལ་དུ་ཡང་མི་འཇུག་པ་མ་ཡིན་ནོ། །

test

§2 (a). བོད་ཀྱི་ཡི་གེའི་རིག་པའམ་འབྲི་ཀློག་རིག་པར་ «ཀ་མད་སུམ་ཅུ་» འམ་ «དབྱངས་གསལ་ཡི་གེ་» འམ་ «ཀ་ཕྲེང་» ལ་སོགས་ཁྱབ་ཆེ་ཆུང་ཅུང་ཟད་ཡོད་པའི་ཐ་སྙད་གྲགས་པས་བསྙོན་དུ་མེད་དོ། །སྐབས་འདིར་ཡང་«སྒྲར་གྲགས་པའི་དབྱངས་གསལ་ཡི་གེ་» དང་ «གཟུགས་སུ་སྣང་བའི་དབྱངས་གསལ་ཡི་གེ་» གཉིས་ཀྱི་ཁྱད་པར་ཐུགས་ལ་བཞག་ན་ཕན་ནོ་སྙམ་མོ། ། «ཨིང་ལིཤ་» (English) སྐད་སོགས་སུ་ «ཨལ་ཕ་བེཏ་» (alphabet) ཞེས་པ་དེ་ཡང་ «ལ་ཏིན་» (Latin) སྐད་དུ་ «ཨལ་ཕ་བེ་ཏུམ་» (alphabetum) དང་ «གྲེ་ཨེཀ་» (Greek) སྐད་དུ་ «ཨལ་ཕ་བེ་ཏོས་» (alphabetos) ཞེས་པ་དེ་ཡང་དེ་དག་གི་ཡི་གེའི་རྣམ་གཞག་གི་ཡི་གེ་དང་པོ་ «ཨལ་ཕ་» (alpha) དང་གཉིས་པ་ «བེ་ཏ་» (beta) བསྡོམས་ནས་ཡི་གེའི་ཕྱི་མོའི་མིང་དུ་བཏགས་པའོ། །འོ་ན་ལེགས་སྦྱར་གྱི་ལུགས་ལ་ཡི་གེ་ཕྱི་མོའི་མིང་གང་ཡིན་ཞེ་ན། ཡིག་ཁུངས་ཅི་རིགས་པར་ (1) «ཡི་གེའི་མན་ངག་» ( अक्षरसमाम्नाय / ak ṣ arasam ā mn ā ya) དང་། (2) «ཡི་གེའི་ཕྲེང་བ་» ( वर्णमाला / var ṇ am ā l ā = अक्षरमाला / ak ṣ aram ā l ā ) དང་། (3) «ཡི་གེའི་ཕྱི་མོ་» ( वर्णमातृका / var ṇ am ā t ṛ k ā ) ཞེས་པ་ལ་སོགས་པའི་ཐ་སྙད་འགའ་གསལ་ལོ། །འོ་ན་ལེགས་སྦྱར་གྱི་དབྱངས་གསལ་གྱི་ཡི་གེ...

ཐིགས་པ་གཉིས་པ། ལེགས་སྦྱར་གྱི་«ཡི་གེའི་ཕྱི་མོ་» (वर्णमातृका / varṇamātṛkā)

§2 (a). བོད་ཀྱི་ཡི་གེའི་རིག་པའམ་འབྲི་ཀློག་རིག་པར་ «ཀ་མད་སུམ་ཅུ་» འམ་ «དབྱངས་གསལ་ཡི་གེ་» འམ་ «ཀ་ཕྲེང་» ལ་སོགས་ཁྱབ་ཆེ་ཆུང་ཅུང་ཟད་ཡོད་པའི་ཐ་སྙད་གྲགས་པས་བསྙོན་དུ་མེད་དོ། །སྐབས་འདིར་ཡང་«སྒྲར་གྲགས་པའི་དབྱངས་གསལ་ཡི་གེ་» དང་ «གཟུགས་སུ་སྣང་བའི་དབྱངས་གསལ་ཡི་གེ་» གཉིས་ཀྱི་ཁྱད་པར་ཐུགས་ལ་བཞག་ན་ཕན་ནོ་སྙམ་མོ། ། «ཨིང་ལིཤ་» (English) སྐད་སོགས་སུ་ «ཨལ་ཕ་བེཏ་» (alphabet) ཞེས་པ་དེ་ཡང་ «ལ་ཏིན་» (Latin) སྐད་དུ་ «ཨལ་ཕ་བེ་ཏུམ་» (alphabetum) དང་ «གྲེ་ཨེཀ་» (Greek) སྐད་དུ་ «ཨལ་ཕ་བེ་ཏོས་» (alphabetos) ཞེས་པ་དེ་ཡང་དེ་དག་གི་ཡི་གེའི་རྣམ་གཞག་གི་ཡི་གེ་དང་པོ་ «ཨལ་ཕ་» (alpha) དང་གཉིས་པ་ «བེ་ཏ་» (beta) བསྡོམས་ནས་ཡི་གེའི་ཕྱི་མོའི་མིང་དུ་བཏགས་པའོ། །འོ་ན་ལེགས་སྦྱར་གྱི་ལུགས་ལ་ཡི་གེ་ཕྱི་མོའི་མིང་གང་ཡིན་ཞེ་ན། ཡིག་ཁུངས་ཅི་རིགས་པར་ (1) «ཡི་གེའི་མན་ངག་» (अक्षरसमाम्नाय / akṣarasamāmnāya) དང་། (2) «ཡི་གེའི་ཕྲེང་བ་» (वर्णमाला / varṇamālā = अक्षरमाला / akṣaramālā) དང་། (3) «ཡི་གེའི་ཕྱི་མོ་» (वर्णमातृका / varṇamātṛkā) ཞེས་པ་ལ་སོགས་པའི་ཐ་སྙད་འགའ་གསལ་ལོ། །འོ་ན་ལེགས་སྦྱར་གྱི་དབྱངས་གསལ་གྱི་ཡི་གེ་ལ་ «ཨཱ་ལི་» དང་ «ཀཱ་ལི་» ཞེས་ཡོངས་སུ་གྲ...